སྤྱིར་བཏང་དུས་དང་རྣམ་པ་ཀུན་ཏུ་ བསམ་པ་ངན་པ་མི་དགེ་བའི་རྟོག་པ་(མནོ་བསམ་རྫོགསཔོ) དང་ལུང་མ་བསྟན་གྱི་རྟོག་པའི་ ཆ་ག་ར་ ཕར་སྤང་ཞིནམ་ལས་ བསམ་པ་བཟང་པོ་དགེ་བའི་རྟོག་པ་ (མནོ་བསམ་ ལེགས་ཤོམ) བསྐྱེད་ཚུགས་དགོཔ་འདི་གལ་ཆེ་དྲག་ཨིན་མས། དེ་ནང་དོག་གཉིས་ལས་ཡང་ ཨ་རྟག་ར་ བསམ་པ་ བཟང་པོ་དགེ་བའི་རྣམ་པར་རྟོག་པ་འདི་ བསྐྱེད་ཚུགསཔ་བཟོ་དགོ་པའི་ཁར། ལྷག་པར་དུ་ཡང་ ད་ལྟོ་ང་བཅས་ཆ་ཁྱབ་ ཆོས་འཆད་ཉན་དང་ སློབ་སྦྱོང་འབད་ནི་དང དཔེ་ཆ་བལྟ་བའི་སྐབས་ ཆོས་དང་དཔེ་ཆའི་དོན་དག་རྟོགས་ནི་ཐབས་དང་ ཆོས་གྲུབ་པའི་སྐབས་ཀྱི་ བསྐྱེད་རིམ་དང་རྫོགས་རིམ་གྱི་ཏིང་ངེ་འཛིན་ སྒོམ་པའི་སྐབས་ལུ་ སྔོན་མ་ར་ ག་ཅི་འགྱོ་དགོཔ་སྨོ་ཟེར་བ་ཅིན། བསམ་པ་བཟང་པོ་འདི་བསྐྱེད་ཚུགསཔ་ འབད་དགོཔ་ཨིན་མས། དོན་ལུ་ བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་འདི་ཨིན་མས། དེ་མིན་དེ་འབད་རུ་ སློབ་ཕྲུག་ཚུ་དཔེ་ཆ་ལྷབ་ནི་དང་བལྟ་བའི་སྐབས་ལུ། གང་འབྱུང་མང་འབྱུང་མནོ་བསམ་བཏང་སྡོད་པ་ཅིན་ བསམ་པ་བཟང་པོའི་བྱ་བ་ལུ་འགྱོ་ནི་ཕར་བཞག་ བག་མེད་དང་རྣམ་གཡེང་ ལེ་ལོའི་ངང་ལུ་ཐལ་ཏེ་ ཐ་ན་དཔེ་ཆའི་དོན་དག་ར་ཧ་མ་གོ་བར་ལུས་ཏེ་ དུས་ཚོད་བག་ཏོ་བཏངམ་ཨིན་མས།
དེ་བཟུམ་སྦེ་ སྤྱིར་སངས་རྒྱས་ཚུ་གི་ ཐུགས་རྗེ་བྱིན་བརླབས་ཟེར་མི་འདི་གིས་ གདུལ་བྱ་ལུ་ ཕྱོགས་རིས་ དང་ཉེ་རིང་གི་ ཐོགས་ལས་འཇུག་ནི་ཡོད་ག་ཟེར་བ་ཅིན་ མེདཔ་ཨིནམ་ཤེས་དགོ ག་དེ་སྦེ་སྨོ་ཟེར་བ་ཅིན་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚུ་གིས། ཐུགས་དྲི་མ་མེད་པའི་ངོས་ལས་འབད་བ་ཅིན་ ཕྱོགས་རིས་ དང་ཉེ་རིང་ལ་སོགས་པ་མི་ག་ལུ་ཡང་
ག་ནི་ཡང་མེདཔ་ཨིན་མས། ཨིན་རུང་ ཕྱོགས་རིས་དང་ཉེ་རིང་བཟུམ་ འཇུག་ས་ མཐོང་ནི་ཡོད་མི་འདི་ གདུལ་བྱ་རང་གི་ངོས་ལུ་དཔྱད་པ་ཅིན་ ལ་ལུ་ལུ་ སངས་རྒྱས་ཀྱི་ཐུགས་རྗེ་དང་ བྱིན་བརླབས་འཇུག་ནི་དང་ ལ་ལུ་གཅིག་ལུ་འཇུག་མི་ཚུགས་ཟེར་ཨིན་མས། དེ་འབདཝ་ད་ ཐུགས་རྗེ་དང་བྱིན་རླབས་ འཇུག་མི་འཇུག་འདི་ གང་ཟག་གདུལ་བྱ་རང་རང་གི་ངོས་ལས་ ལེན་ནི་མ་གཏོགས་ སངས་རྒྱས་ཀྱི་ཐུགས་རྗེ་ བྱིན་བརླབས་ལུ་ ཉེ་རིང་དང་ཕྱོགས་རིས་ཡོད་པའི་རྟགས་ཨིན་ན་ ཟེར་བ་ཅིན་ མེན་ཟེར་གསུངས་ཏེ་ཡོདཔ་ཨིན། །
དཔེ་འབད་བ་ཅིན་ ནམ་མཁའ་ལས་ལྷ་ཚུ་གིས་ས་གཞི་ནང་ལུ་ཆརཔ་ག་ཏེ་ཡང་ དྲན་དྲ་ཕབ་སྟེ་ཡོད་རུང་ ལ་འབད་མི་ཚུ་གིས་ས་བོན་བཏབ་པའི་སྐབས་ ས་བོན་རུལ་རུལཝ་ཚུ་གིས་ མྱུ་གུ་སྐྱེས་བཏུབ་བཟོ་ནི་ཡོད་ག་ ཟེར་བ་ཅིན་མེདཔ་ཨིན། དེ་འབདཝ་ལས་ ས་བོན་རུལ་མ་རུལ་བའི་ཆ་འདི་ལུ་བརྟེན་ མྱུ་གུ་སྐྱེས་བཏུབ་པའི་ ཕན་པ་ཡོདཔ་མ་གཏོགས་ ནམ་མཁའ་ལས་འབབ་པའི་ཆརཔ་འདི་ལས་བརྟེན་མེན་ཨིནམ་ཤེས་དགོ
དེ་འབད་ནི་དེ་གིས་ ཆརཔ་གི་ངོས་ལས་ མནོ་བསམ་བཏང་པ་ཅིན་ ཕྱོགས་ལྷུང་དང་ ཉེ་རིང་ཆགས་སྡང་བཟུམ་ཡོད་ག་ཟེར་བ་ཅིན་ ཆརཔ་ལུ་འདི་བཟུམ་མའི་རྣམ་རྟོག་མེདཔ་ཨིནམ་ཤེས་དགོ ཨིན་རུང་ ས་བོན་རང་གི་ངོས་ལས་ རུལ་རུལ་བའི་སྐྱོན་དང་ མ་རུལ་བའི་ཡོན་ཏན་གྱི་ཆ་ལས་བརྟེན་ཏེ་ མྱུ་གུ་སྐྱེས་ནི་དང་མ་སྐྱེས་ནིའི་ཆ་རྐྱེན་གྱི་ཁྱད་པར་འདི་ལས་ བརྟེན་འབྱུངམ་ཨིན་མས། །
འདི་བཟུམ་སྦེ་ར་ སངས་རྒྱས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཟེར་མི་འདི་ཡང་ གདུལ་བྱ་བསམ་པ་དགེ་བའི་ རྟོག་པ་ དུས་དང་རྣམ་པ་ཀུན་ཏུ་ བསམ་པ་བཟང་པོ་ཅན་གྱི་གང་ཟག་འདི་ཚུ་ལུ་ སངས་རྒྱས་ཀྱི་ཐུགས་རྗེ་ དང་བྱིན་རླབས་འདི་ ལྷག་པར་དུ་འཇུག་སྟེ་འགྱོ་ནི་ཨིན་མ་གཏོགས། ཀུན་སློང་ངན་པ་མི་དགེ་བའི་རྟོག་པ་ དང་ལུང་མ་བསྟན་གྱི་རྟོག་པའི་ བསམ་པ་ཅན་ འདི་ཚུ་ལུ་བྱིན་བརླབས་ མི་འཇུག་ནི་ཨིན་མས། དེ་སྦེ་ཨིནམ་ལས་ སངས་རྒྱས་ཀྱི་ཐུགས་རྗེ་བྱིན་རླབས་འཇུག་མི་འཇུག་འདི་ཡང་ ག་ཅི་ལུ་རག་ལས་དགོཔ་སྨོ་ཟེར་བ་ཅིན་ བསམ་པ་བཟང་མི་བཟང་། བསམ་བཟང་ཡོད་ག་མེད། དགེ་བའི་རྟོག་པ་དང་དང་ལྡན་མི་ལྡན་འདི་ལུ་རག་ལས་དགོཔ་ཨིན་མས། དེ་འབདཝ་ལས་ བསམ་པ་བཟང་པོ་ལྡན་མི་ཚུ་ལུ་ སངས་རྒྱས་ཀྱི་ཐུགས་རྗེ་དང་བྱིན་བརླབས་འཇུག་དོ་ཡོདཔ་ཨིན་མས། དེ་ལས་ བསམ་པ་ངན་པ་ མི་དགེ་བའི་རྟོག་པ་དང་ ལུང་མ་བསྟན་གྱི་རྟོག་པ་དང་ལྡན་མི་ཚུ་ལུ་སངས་རྒྱས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཡང་མི་འཇུག་དོ་ཨིན་མས། །
ད་དེ་སྦེ་ཨིནམ་ལས་ ང་བཅས་ཆ་ཁྱབ་ལུ་ག་ཅི་དགོ་ནི་སྨོ་ཟེར་བ་ཅིན་ སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་ བྱིན་བརླབས་འདི་དགོཔ་ངེས་ཏིག་ཨིན། དེ་ཚུ་འཇུག་ནི་དོན་ལུ་ རང་གི་ངོས་ལས་ཐབས་ཤེས་དང་གནས་ སྐབས་ག་ཅི་སྟོན་དགོ་ནི་སྨོ་ཟེར་བ་ཅིན་ རྣམ་རྟོག་མི་དགེ་བའི་ཆ་དང་ ལུང་མ་བསྟན་གྱི་ཆ་ཐམས་ཅད་ ཕར་སྤང་སྟེ་ དགེ་བའི་རྣམ་པར་རྟོག་པ་འདི་རྒྱུད་ལུ་བསྐྱེད་དགོ་ཨིན། དེ་འབདཝ་ད་ སྤྱིར་བཏང་ ང་བཅས་ཆ་ཁྱབ་ལུ་ རྣམ་རྟོག་མི་སྐྱེས་ནི་གི་དུས་སྐབས་ ནམ་ཡོད་ག་ཟེར་བ་ཅིན་ གཉིད་སྟུག་དྲག་ཅིག་གཉིད་ཁུག་འོང་བའི་གནས་སྐབས་ན་ལུ་ དགེ་མི་དགེ་བའི་རྣམ་རྟོག་འདི་གནས་སྐབས་ཅིག་བཀག་སྟེ། རྣམ་རྟོག་མ་སྐྱེས་བར་སྡོདཔ་ཨིན་མས། ཨིན་རུང་དེ་བསྒང་ གཉིད་སྟུག་པོའི་སྐབས་ན་རྣམ་རྟོག་རགས་པ་འདི་ ཕར་བཅད་དེ་ ཕར་སྤང་བཞག་ཚུགས་ག་ཟེར་བ་ཅིན་མི་ཚུགས་ཟེར་ཨིན་མས། དེ་མེན་པ་ཅིན་ དུས་དང་རྣམ་པ་ཀུན་ཏུ་ ང་བཅས་ཚུ་གིས་ རྣམ་རྟོག་སྐྱེཝ་སྐྱེས་ས་ར་སྡོད་ནི་མ་གཏོགས་ རྣམ་རྟོག་མ་སྐྱེ་བའི་དུས་ཅིག་ཡོད་ག་ཟེར་བ་ཅིན་ འདི་གི་རྣམ་གཞག་རྩ་ལས་ར་མེདཔ་ཨིན་མས། དེ་བཟུམ་སྦེ་ རྣམ་རྟོག་དེ་སྦེ་ སྐྱེཝ་སྐྱེ་ས་སྡོད་དོ་ཡོད་རུང་ ང་བཅས་ཆ་ཁྱབ་ཀྱི་རྣམ་རྟོག་འདི་ཚུ་ལུ་ བརྟག་ཤིང་དཔྱད་ནི་ ཡོད་ག་ཟེར་བ་ཅིན་ མེདཔ་ཨིན་མས། རྣམ་རྟོག་སྐྱེ་བའི་སྐབས་ འདི་མི་དགེ་བའི་རྟོག་པ་སྐྱེ་དོ་ག་དང་ ལུང་མ་བསྟན་གྱི་རྟོག་པ་སྐྱེ་ནི་འདུག་ག་ ཡང་ན་ དགེ་བའི་ རྣམ་པར་རྟོག་པ་སྐྱེ་ནི་འདུག་ག་ཚུ་ཡང་ ང་བཅས་ཀྱི་བརྟག་ཤིང་དཔྱད་ནི་མེདཔ་ཨིན་མས།
དེ་འབདཝ་ལས་ རྣམ་རྟོག་ འདི་སྐྱེ་ཡི་སྐྱེ་ཡི་ ག་ཅི་སྐྱེ་དོ་ག་མ་ཤེས་པར་བརྗེད་འགྱོཝ་ཨིན་མས། འདི་བཟུམ་གྱི་རྣམ་རྟོག་གཅིག་གི་གཅིག་འཐུད་དེ་ སྐྱེ་འོང་བའི་གནས་སྐབས་ན་ ག་ཅི་སྐྱེ་ཡི་ག་མ་ཤེས་པར་འགྱོཝ་མ་གཏོགས་ རྣམ་རྟོག་ངན་པ་དང་བཟང་པོ་ག་ཅི་འཆརཝ་ཨིན་ན་ ང་བཅས་རང་གིས་ཤེས་ཡང་མི་ཤེས་པའི་གུར་ བརྟག་ཤིང་ཡང་དཔྱད་ནི་མེད་ཟེར་ཨིན་མས།
དེ་སྦེ་མིན་པར་ དེ་སྦེ་རྣམ་རྟོག་ཤར་བའི་སྐབས་སུ་ ག་ཅི་འབད་དགོཔ་སྨོ་ཟེར་བ་ཅིན་ རྣམ་རྟོག་འདི་ནམ་འབད་རུང་ ཤརཝ་ཤར་ས་ར་སྡོད་འོང་ ཤར་སྡོད་པའི་རྣམ་རྟོག་འདི་ དེ་འབད་ར་མ་བཏང་བར་ ཚུར་ཁ་ནང་དུ་སྐོར་ སྒོར་ཞིནམ་ལས་ འདི་བཟུམ་མའི་རྣམ་རྟོག་ འདི་ག་དེ་སྦེ་སྐྱེཝ་ཨིན་ན་ ག་ཅི་སྦེ་སྐྱེཝ་ཨིན་ན་ལེགས་ཤོམ་བརྟག་དཔྱད་འབད་དགོཔ་ཨིན་མས།
རྣམ་རྟོག་འདི་ཚུ་ མི་དགེ་བའི་རྟོག་པ་ འདོད་ཆགས་དང་ ཞེ་སྡང་དང་ ང་རྒྱལ་དང་ ཕྲག་དོག་དང་ ཏིག་མུག་གི་རྣམ་རྟོག་ལས་སྐྱེཝ་ཨིན་ན་དང་། ཡང་ན་ དགེ་བ་དང་ མི་དགེ་བའི་རྟོག་པ་ག་ནི་ཡང་མ་ཡིན་པ་ དཔེར་ན་ ཟ་ནི་དང་ འགྱོ་ནི་ ཉལ་ནི་ ཟཝ་དྲག་ག་ ཉལཝ་དྲག་ག་ འགྱོཝ་དྲག་ག་གི་མནོ་བསམ་ རྣམ་རྟོག་ག་ནི་ཡང་མ་སྐྱེ་བ་ཅིན་ དེ་ལུ་ལུང་མ་བསྟན་གྱི་རྟོག་པ་ཟེར་སླབ་ཨིན་མས།
དེ་ལས་དད་པ་དང་ ངེས་འབྱུང་ བྱང་ཆུབ་ཀྱི་སེམས་བཟུམ་གྱི་རྟོག་པ་སྐྱེ་བ་ཅིན་ འདི་ལུ་དགེ་བའི་རྟོག་པ་ཟེར་ སླབ་ཨིན་མས། དེ་སྦེ་ཨིནམ་ལས་ ག་ཅི་རང་འབད་རུང་ རྣམ་རྟོག་འདི་གསུམ་ལས་ལྷག་སྐྱེ་ནི་མེདཔ་ལས་ ད་ལྟོ་ང་བཅས་ལུ་ ག་ཅི་དགོ་ནི་ཨིན་ན་ཟེར་བ་ཅིན། ཁ་ནང་ན་བལྟ་སྟེ་ རང་རང་སོ་སོའི་སེམས་འདི་ རང་གིས་བདག་འཛིན་འཐབ་སྟེ་ བརྟག་ཤིང་དཔྱད་དགོ་ཟེར་སྟོནམ་ཨིན་མས། །
དེ་བཟུམ་སྦེ་ གོང་ལུ་བཤད་པའི་རྣམ་རྟོག་ངན་པ་དང་ མནོ་བསམ་ག་ནི་ཡང་ མ་བཏང་པར་སྡོད་ནི་མིན་པར། ག་ཅི་ར་འབད་རུང་ རང་གི་སེམས་ལུ་བརྟག་ཤིང་དཔྱད་དགོ་ཟེར་གསུངསམ་ཨིན་མས། ད་ གལ་སྲིད་ མི་དགེ་ བའི་རྣམ་རྟོག་ངན་པ་ འདོད་ཆགས་ ཞེ་སྡང་ལ་སོགས་པ་དང་ ལུང་མ་བསྟན་གྱི་རྣམ་རྟོག་བཟུམ་ཨིན་པ་ཅིན་ ཕར་སྤང་དགོཔ་མ་ཚད་ རབ་ཏུ་འབྱུང་པ་ཅིན་ འདི་ལུ་གཉེན་པོ་བསྟེན་ཏེ་ སྤང་དགོཔ་ཨིན་མས། ཨིན་རུང་ གཉེན་པོ་བསྟེན་ཏེ་ འབད་མ་ཚུགས་རུང་ རྣམ་རྟོག་འདི་བཟུམ་འདི་ལེགས་ཤོམ་རྩ་ལས་མིན་འདུག་མནོ་སྟེ་ ཕར་སྤང་ཚུགསཔ་འབད་དེ་སྤང་སྟེ། དེ་ལས་འབདན་ དགེ་བའི་རྣམ་པར་རྟོག་པ་འདི་ག་དེ་འབད་རུང་ རྒྱུད་ལུ་བསྟེན་དགོ དེ་གི་ཡང་མ་ཚད་ འདི་བཟུམ་མའི་དགེ་བའི་རྣམ་རྟོག་འདི་ རང་གི་མི་ཚེ་འདི་ནང་ལུ་ཡོད་ན་ཆོག་པ་ མེད་ན་ཐབས་ཆག་པ་ཅིག་ཨིནམ་ལས་དུས་དང་རྣམ༌པ༌ཀུན་ཏུ་དྲན་ཤེས་ཀྱི་ངང་དུ་སྡོད་དགོཔ་ཟེར་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚུ་གིས་གསུངས་ཏེ་ཡོད། །
Comments
Post a Comment